བདེ་སྐྱིད་གྲོང་ཚོར་བདེ་སྐྱིད་འཚོ་བར་རོལ།
- 2020-07-28
-
- ལོངས་སྤྱོད་ནས།
- 0ཐེངས།
-
འདི་ནི་གྲོང་མི་སྒྲོལ་མ་ཐར་གྱིས་རང་ཁྱིམ་གྱི་སྒོ་རའི་ནང་མེ་ཏོག་ལ་ཆུ་རྒྱག་བཞིན་པ།
ཉེ་ཆར་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དུ་བསྐྱོད། ཡུན་རིང་མ་སོང་བར་གྲལ་སྟར་འགྲིག་པའི་བོད་ཁང་སྟར་པ་རེ་རེ་མིག་ལམ་དུ་འཆར། སྟར་ཆགས་སུ་ཡོད་པའི་ཁང་པའི་དཀྱིལ་ནི་རིག་གནས་ཐང་ཆེན་ཡིན་པ་དང་དེའི་གཞོགས་ནས་མཐོ་ཞིང་ཆེ་བའི་རྨ་ཆུའི་ཆུ་འཁོར་དལ་བུར་འཁོར་བཞིན་ཡོད་པ་དེས་མཛེས་སྡུག་ལྡན་པའི་གྲོང་ཚོ་དེའི་འཕེལ་རྒྱས་ཀྱི་བདེན་དཔང་བྱེད་བཞིན་མཆིས།
2017ལོར་གཅན་ཚ་རྫོང་ནང་ཁོག་ཤང་དང་། གཅན་ཚ་ཐང་ཤང་། སྟེང་སོ་ཤང་སོགས་ཤང་དང་གྲོང་རྡལ་7གྱི་གྲོང་ཚོ་30ཡི་དུད་ཚང་251གི་མི་946སྔོན་ཆད་ཀྱི་རང་བྱུང་ཆ་རྐྱེན་ཞན་ལ་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཆན་ནའོ་རི་ཁུལ་ནས་རྨ་ཆུ་རྒྱུགས་ཁུལ་དུ་བསྐྲུན་པའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཏེ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོར་སྤོས།
“སྔོན་ཆད་ནང་མི་ཚོ་ནད་ལྟ་བར་འགྲོ་སྐབས་སྦག་སྦག་བཞོན་པའམ་ཡང་ན་རྐང་ཐང་མར་རྫོང་སྨན་ཁང་དུ་སྐྱོད་དགོས་པ་དང་། འཚོ་བའང་ས་ཞིང་དང་ནོར་ལུག་ཁོ་ནར་བརྟེན་ནས་འཕྱིད་ཐབས་བྱེད་དགོས་ལ། ལོ་གཅིག་ནང་ལས་ཀ་ག་ཚོད་བྱས་ཀྱང་ཡོང་འབབ་སྒོར་སུམ་སྟོང་ལྷག་ཙམ་ལས་མེད”ལོ་48ལ་སླེབས་པའི་ལྕགས་ཐར་གྱིས། ད་ཆ་ཁོང་ཚོ་ནང་མི་གསུམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོད་ཅེས་བཤད། ལྕགས་ཐར་གྱི་ཤིང་ལས་གྲུབ་པའི་སྡོད་ཁང་གསར་པར་འཛུལ་སྐབས་སྒོ་ར་གྲུ་བཞི་དང་། ཤིང་གི་ཉལ་ཁྲི། སྲོལ་རྒྱུན་གྱི་བཟོ་སྟངས་ལྟར་ས་ཁྲི་དང་སྦྲེལ་བའི་བོད་བཟོའི་ལྕགས་ཐབ་སོགས་ཁང་པའི་ནང་ཆས་གང་ས་ནས་དྲོ་སྐྱིད་ལྡན་པའི་འཚོ་བ་གསར་པའི་རྣམ་པ་མངོན་གྱིན་འདུག
“གནས་སྤོ་ནི་ཐབས་ཤེས་དང་། དམིགས་ཡུལ་ངོ་མ་ནི་ཕྱུག་པོ་ཆགས་པར་བྱ་རྒྱུ་དེ་རེད། དེས་ན་ཕྱུག་པོ་ཆགས་པར་ངེས་པར་དུ་ལས་ཞུགས་ཐུབ་པར་བྱེད་དགོས་པ་དང་ལས་བརྩོན་བྱུང་ན་གཞི་ནས་བདེ་སྡོད་ཡོང་ཐུབ”བདེ་སྐྱིད་གྲོང་ཚོའི་ཧྲུའུ་ཅི་དང་པོ་བློ་རྒྱལ་ཚེ་རིང་གིས། བདེ་སྐྱིད་གྲོང་ཚོ་རྨ་ཆུའི་ངོགས་སུ་ཆགས་ཤིང་། ས་བབ་མཐོ་ཚད་སྨི་1900ལྷག་ཙམ་ཡོད་པ་དང་གནམ་གཤིས་ཡག་ལ་ཡུལ་ལྗོངས་ལྟ་ན་སྡུག་པ་མ་ཟད། དེར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡང་འཛོམས་ཡོད། 2018ལོར་བདེ་སྐྱིད་གྲོང་ཚོ་དེ་ཡུལ་སྐོར་ཁྱད་ལྡན་གྱི་གྲོང་ཚོ་ཞིག་ཏུ་གཏོད་འགོ་ཚུགས་ཡོད་ཅེས་བཤད།
སྔ་དྲོའི་ཆུ་ཚོད་8པ་ཙམ་ལ་ལོ་38ལ་སླེབས་པའི་སྒྲོལ་མ་ཐར་གྱིས་བོད་ཆས་གཙང་མ་ཞིག་གྱོན་ཏེ་སྒོ་རར་གཙང་སྦྲ་བྱེད་འགོ་ཚུགས། སྒོ་རའི་ནང་སྒྲོག་རྩེ་སྒོར་མོ་དཀར་པོ་གཉིས་ཡོད་པར་མི་20ལྷག་ཙམ་ལྟོ་ཆས་ཟ་ཆོག་གི་ཡོད་པ་དང་། ཁང་མིག་4ཡོད་པའི་ནང་ནས་གཉིས་འགྲུལ་ཁང་བཟོས་ཡོད། སྒོ་རའི་ནང་གི་ཐབ་ཚང་དུ་ཆུ་གཙང་གསིང་ཡོ་ཆས་དང་། གློག་ཐབ། དུག་སེལ་སྒམ་སོགས་གློག་ཆས་སོགས་ཆ་ཚང་ཡོད་པ་རེད།
སྒྲོལ་མ་ཐར་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་བཟའ་བཏུང་གཡོས་སྦྱོར་གསོ་སྦྱོང་དུས་ཐེངས་4ལ་ཞུགས་པ་རེད། སྒྲོལ་མ་ཐར་གྱིས་གསར་འགོད་པར་བྱ་ཤ་སྐམ་རྔོས་དང་སྔོ་མདའ་ཁུའི་སྐྱུར་ཕིང་སོགས་ཁྱད་ལྡན་ཚལ་རིགས་30ལྷག་ཙམ་ཡོད་པའི་རང་ཁྱིམ་གྱི་ཚལ་ཐོ་བསྟན་བྱུང་། འདི་ལོའི“ལྔ་གཅིག”རིང་སྒྲོལ་མ་ཐར་གྱི་ཁྱིམ་ཚང་མགྲོན་ཁང་ལ་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཙམ་བྱུང་ཡོད། ད་ཆ་ཁོང་ཚོ་ནང་མི་བདུན་པོར་ལོའི་ཡོང་འབབ་སྔོན་ཆད་ཀྱི་ཁྲི་1ཀྱང་མི་ཟིན་པ་ནས་ད་ཆའི་ཁྲི་4ལྷག་ཙམ་བར་མང་དུ་སོང་ཡོད།
བློ་རྒྱལ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། མིག་སྔར་བདེ་སྐྱིད་གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཁྱོན་30ཡོད་པའི་ཁྲོད་གཉེར་སྐྱོང་ནང་ཞུགས་མཁན་གྲོང་མི་60ཡིས་ཟླ་བ་གཅིག་གི་ལས་སྒོའི་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་གསོ་སྦྱོང་བྱ་རྒྱུ་མཇུག་འགྲིལ་ཞིང་། དེ་ལས་བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་འགྲོ་རྒྱུ་རེད།
2018ལོའི་ཟླ་10པར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་བདེ་སྐྱིད་གྲོང་ཚོ་དེ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སོས་དལ་གྲོང་གསེབ”ཏུ་བདམས་པ་དང་། 2020ལོའི་ཟླ་7པར་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་འདེམས་འཆར་ཡོད་པའི་མིང་ཐོའི་ནང་བདེ་སྐྱིད་གྲོང་ཚོའང་ཡོད་པས་ས་གནས་དེ་གའི་ཡུལ་སྐོར་གྱི་མིང་བྱང་ལྟ་བུར་གྱུར་ཡོད།
གསར་འགོད་པར་གཅན་ཚ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། བདེ་སྐྱིད་གྲོང་ཚོ་ཕུད་ཡུལ་དེ་གའི་སྲིད་གཞུང་གིས་ད་དུང་ཡུལ་བབ་དང་བསྟུན་ནས་སྟེང་སོ་ཤང་དགུ་སྟེང་གྲོང་ཚོ་དང་གདོང་སྣ་གྲོང་རྡལ་ཁྲེང་ཧྲང་གྲོང་ཚོ་སོགས་ས་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་4ལག་ལེན་བསྟར་བས་དུད་ཚང་དབུལ་པོའི་མི་300ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་། མི་500ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ། དུད་ཚང་དབུལ་པོ་མི་རེར་ཆ་སྙོམས་འབབ་འཕར་སྒོར་2500བྱུང་བ་བཅས་ལས་མང་ཚོགས་དབུལ་པོ་ཁག་གཅིག་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད། འདི་ལོའི་ཟླ་4པར་གཅན་ཚ་རྫོང་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ་42ཚང་མ་དབུལ་སྒྲོལ་བྱུང་ནས་དབུལ་པོ་དབུལ་རྐྱང་ཚང་མ་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
འདི་ནི་གྲོང་མིས་ཞིམ་ཟས་ཁྲོམ་རར་ཁྱད་ལྡན་ལྟོགས་གསོས་བཟོ་བཞིན་པ།
འདི་ནི་བདེ་སྐྱིད་གྲོང་ཚོའི་གྲོང་མིས་ཞིམ་ཟས་ཁྲོམ་རར་རང་ཁྱིམ་གྱི་འབྲི་ཞོ་འཚོང་བཞིན་པ།
-- --འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག