ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་456.6དོན་འཁྱོལ་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་སྔོན་འགོག་དང་...
- 2020-07-08
-
- ལོངས་སྤྱོད་ནས།
- 0ཐེངས།
-
▲ 2020ལོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་མ་འཇོག་འཆར་གཞིས“མ་དངུལ་གཅིག་གོ་ཉིས་ཆོད”མངོན་གསལ་དོད་པོ་ཡོང་བར་བྱས་ནས། རིམས་འགོག་གི་དགོས་མཁོ་སྐོང་བ་དང་འབྲེལ། རྫོང་གྲོང་གི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གྱི་ཞན་ཆ་ཧུར་ཐག་སེལ་བ་དང་། གྲོང་ཁྱེར་ཆེན་པོའི་སྨན་ཁང་ཆེ་མོ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་དབུལ་པོ་དང་ལྷག་དོན་དུ“ཁུལ་གསུམ་དང་ཀྲོའུ་གསུམ”དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་6ཉིན། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2020ལོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དོན་འཁྱོལ་བྱས་ཏེ་ཁྱོན་སྒོར་དུང་ཕྱུར་456.6བཀོད་སྒྲིག་བྱས་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྤྱི་པའི་འཕྲོད་བསྟེན་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མ་འཇོག་འཆར་གཞིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་གལ་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་བཀོད་སྒྲིག་ཐད་རིམས་ནད་ཚབས་ཆེ་བའི་ས་ཁུལ་དང་དགོས་མཁོ་ཆེ་ལ་ཁ་ཐང་བའི་ཁྱབ་ཁོངས་སུ་ཕྱོགས་པ་དང་། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་འགག་སྒོ་དང་པོ་བརྟན་པོ་སྐྲུན་པ། ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རིམས་ནད་ཚབས་ཆེན་སྐྱོབ་བཅོས་ཀྱི་རྟེན་གཞི་རིམ་སྤོར་སྒྱུར་བཀོད་བྱེད་པ། ཉེན་ཁ་ཆེ་བ་དང་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གྲངས་འབོར་ངེས་ཅན་གྱི་སྐྱོབ་བཅོས་སྒྲིག་བཀོད་དང་སྒྲིག་ཆས་གསོག་འཇོག་བཅས་བྱས་ཏེ་འཕྲལ་སྡོམ་སྐབས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐོང་འཐེན་དང་ལེན་ཞུ་རྒྱུ་དང་། མ་འཇོག་འཆར་གཞིར“མ་དངུལ་གཅིག་གོ་ཉིས་ཆོད”མངོན་གསལ་དོད་པོ་ཡོང་བར་བྱས་ནས། རིམས་འགོག་གི་དགོས་མཁོ་སྐོང་བ་དང་འབྲེལ། རྫོང་གྲོང་གི་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་ཞན་ཆ་ཧུར་ཐག་སེལ་བ་དང་། གྲོང་ཁྱེར་ཆེན་པོའི་སྨན་ཁང་ཆེན་པོ་ཁུ་བསྡུས་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་དབུལ་པོ་དང་ལྷག་དོན་དུ“ཁུལ་གསུམ་དང་ཀྲོའུ་གསུམ”དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས། གོམ་སྟབས་རྗེས་མར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་དུ། ས་གནས་ཁག་ཏུ་ཞབས་ཞུའི་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཟླ་རེར་བཀོད་གཏོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་ལག་ལེན་བསྟར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། ས་གནས་ཀྱིས་རིམས་འགོག་གི་དམིགས་བསལ་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སོགས་མ་དངུལ་ཐབས་ལམ་སྤྱི་འདོམས་དང་ཡག་པོ་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་པ་དང་། རང་ངོས་ནོར་སྲིད་ཀྱི་གཏོང་སྒོ་དང་མ་འཇོག་གི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་འདང་ངེས་དང་དམིགས་སར་འབྱོར་བ་དང་། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་གང་ལེགས་འདོན་ཐུབ་པའི་འགན་ལེན་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
-- --འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག