རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་འགོ་འཁྲི་ལས་བྱེད་པ་ཆབ་མདོར་བརྟག་ཞིབ་གནང་...

  • 2022-08-29
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་3ཉིན་ནས་ཚེས་12ཉིན་བར། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་པ་སངས་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་འགོ་ཁྲིད་ལས་བྱེད་པ་མི་19ལས་གྲུབ་པའི་རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་དུ་འབྱོར་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། གཙོ་གནད་རྣམ་གྲངས་འཆར་འགོད་འཛུགས་སྐྲུན། གཞི་རིམ་ཏང་འཛུགས་སྐྱོང་གྲོང་གསེབ་དར་རྒྱས། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཡོད་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་རྟོག་ཞིབ་ཚོགས་པའི་ཁོངས་མི་ཆབ་མདོར་ཕེབས་ནས་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། རྟོག་ཞིབ་ཚོགས་པའི་ཁོངས་མིས་སྔར་བཞིན་ཆབ་མདོའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་ནས་ཆབ་མདོའི་ལས་དོན་ལ་རྩ་ཆེའི་བསམ་འཆར་མང་ཙམ་འདོན་རྒྱུ་དང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཡ་ཏུང་དང་། ཀྲང་ཅན་ཧྭ། ཝུའུ་དབྱིང་ཧའེ། ཐུབ་དགའ་དང་ཀྲང་ཧུང་ཅུན་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧྲུའུ་ཅོན། བློ་བཟང་ཚེ་རིང་བཅས་ཀྱིས་རྟོག་ཞིབ་གནང་སྐབས་ཕེབས་རོགས་ཞུས་པ་རེད།

ཁ་རུབ་ཆུས་རི་ཐུང་བོད་སྨན་བཟོ་གྲྭ་དང་། གོ་ཏུའོ་གློག་ཁང་། ཇ་རྟའི་ཐང་ཆེན་གྱི་མཛེས་ལྗོངས་ལྟ་སྟེགས། ཆུ་ཚན་ཁ་1865ཆང་བཅོམ། ཟླ་མེད་གཡང་དགུན་འབྲུམ་སྙོལ་བའི་རྟེན་གཞི། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འཆར་འགོད་འགྲེམས་སྟོན་ཁང་། ཞང་ཁྲེན་མའེ་ཡེ་ཚད་ཡོད་ཀུང་སི་སོགས་ས་ཆར། རྟོག་ཞིབ་ཚོགས་པའི་ཁོངས་མིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། ངོ་སྤྲོད་གསན་པ། སྤེལ་རེས་དང་དཔྱད་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་གཙོ་གནད་རྣམ་གྲངས་འཆར་འགོད་ཐད་ཀྱི་འཕེལ་རིམ་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ནས་ཉེ་བའི་ལོ་ཤས་རིང་གི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།

ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་སུ་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཆབ་མདོ་གྲོང་ཁྱེར་གྱིས་མེ་མདའ་དང་འབར་གས་གཙང་སེལ་ཐད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ། ཆབ་མདོར་ལས་སླ་པོར་བྱུང་བ་མིན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་དངོས་འབྲེལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

བྲག་གཡབ་རྫོང་སྐྱིད་ཐང་གྲོང་རྡལ་འཆར་འགོད་ཁང་དང་། སྐྱིད་ཐང་གྲོང་རྡལ་གྲོང་མི་ཨུ་ལྷན་སྡེ་ཁུལ་དཔེ་དེབ་ཁང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན་སོགས་སུ་ རྟོག་ཞིབ་ཚོགས་པའི་ཁོངས་མིས་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་དང་། སྐྱིད་ཐང་གྲོང་རྡལ་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་འཁོར་སྐྱོད་དང་། དམངས་ཕན་ཞབས་ཞུ། ཏང་འཛུགས་སྐྱོང་དབུལ་སྒྲོལ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། སྐྱིད་ཐང་གྲོང་རྡལ་གྱི“ཏང་འཛུགས་སྐྱོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལ་སྣེ་ཁྲིད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི”འཕེལ་རྒྱས་གཏོང་སྟངས་ལ་གདེང་འཇོག་གང་ལེགས་གནང་བ་རེད།

རྟོག་ཞིབ་ཚོགས་པའི་ཁོངས་མིས་རི་བོ་ཆེ་རྫོང་ཟངས་སྟོད་གྲོང་རྡལ་རྩ་བཞི་གྲོང་ཚོར་ས་གཤིས་ཀྱི་ལེགས་ཆའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་ལེགས་ཆའི་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཕྱི་རོལ་གྱི་མ་འཇོག གྲོང་མིའི་རང་སྟོབས་རང་སྤེལ་བཅས་ཀྱི“གྲོང་གསེབ་དར་རྒྱས་+དབུལ་སྐྱོར་ཕྱུག་འགྱུར”གྱི་ལམ་བུ་གསར་པར་བསྐྱོད་པར་དགའ་འོས་པ་བྱུང་ཡོད། ཁྲེང་ཀོན་གྲོང་རྡལ་སྐྱ་ཐང་གྲོང་ཚོའི་ཁྲ་རྒོད་ལ་ཟ་ཆས་གཙང་འཁྲུ་ཚད་ཡོད་ཀུང་སི་དང་མཁའ་འགྲོ་འཁེལ་འཐག་བཟོ་གྲྭར་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཐོན་རྫས་ལས་སྣོན་བརྒྱུད་རིམ་ལ་ཞིབ་པར་བལྟས་ནས་ལས་སྣོན་གྲུབ་རྫས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས་སུ་རྟོག་ཞིབ་ཚོགས་པའི་ཁོངས་མིས་བྱེད་སྒོའི་ལྟེ་གནས་ཀྱི་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་ཞབས་ཞུའི་ས་ཚིགས་ལ་བསྔགས་བརྗོད་བྱས་པ་རེད།

སྨར་ཁམས་རྫོང་གི་ཚྭ་ཞིང་དང་། སྨར་ཁམས། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་། བྱམས་པ་གླིང་དགོན་སོགས་སུ་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚོགས་པའི་ཁོངས་མིས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པ། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་བཅས་ཡོད་པས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཡོད་པའི་ངོས་འཛིན་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་སྣ་ཚོགས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སློབ་གཞི་གསར་པ་ཞིག་ཏུ་འགྱུར་བ་བྱས་ཏེ་གསར་བརྗེའི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་ལྕག་སྐུལ་དང་ལྕག་སྐུལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཆབ་མདོར་རྟོག་ཞིབ་བྱེད་རིང་རྟོག་ཞིབ་ཚོགས་པའི་ཁོངས་མིས་ལམ་དུ་འགྲོ་གིན་དང་ལྟ་གིན། གྲོས་བསྡུར་བྱེད་གིན་བཅས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་དང་སྤྱི་ཚོགས། སྣོད་བཅུད་ཁོར་ཡུག རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཐད་ཐོབ་པའི་ཕན་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད། དེ་དང་ཆབས་ཅིག་པ་སངས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྙིང་སྟོབས་སྔར་བས་ཆེ་རུ་བཏང་ནས་དེ་བས་ཧུར་བརྩོན་གྱི་ཉམས་འགྱུར་ཐོག་ནས་གོ་སྐབས་དམ་འཛིན་དང་། བློ་སྟོབས་ཆེན་པོས་འགྲན་སློང་བསུ་བ། དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག