ཀུང་ཧུའེ་ཚའེ་ཡིས་ས་གནས་ས་ཐོག་ཏུ་རང་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ།
- 2022-08-29
-
- ལོངས་སྤྱོད་ནས།
- 0ཐེངས།
ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་གྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་རྗེས་གྲབས་སྨན་ཁང་དུ་བརྟག་ཞིབ་གནང་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོག་གནང་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་21ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཧུའེ་ཚའེ་ཡིས་རང་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་རྗེས་གྲབས་སྨན་ཁང་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་དང་ཤེས་རྟོགས་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལས་དོན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་བོད་ལྗོངས་ལས་དོན་ཚོགས་ཆུང་གི་བཀོད་སྒྲིག་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་དུས་ཚོད་དང་འགྲན་བསྡུར་བྱེད་པ་དང་ནད་གདོན་དང་བསྡུར་ནས་སྒྲོམ་ཚང་སྨན་ཁང་དང་ རྗེས་གྲབས་གནས་གཏན་འཁེལ་གྱི་སྨན་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་དང་སྨན་བཅོས་སྐྱོབ་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་སྣེ་ཁྲིད་མཁན་ཝུའེ་ཤིང་ཀུའེ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཝུའུ་དབྱིང་ཧའེ་བཅས་བརྟག་ཞིབ་ནང་ཞུགས་པ་རེད།
ཆབ་མདོ་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་དུ་ཀུང་ཧུའེ་ཚའེ་ཡིས་སྒྲོམ་ཚང་སྨན་ཁང་གི་འཁོར་སྐྱོད་གྲ་སྒྲིག་ལས་དོན་གྱི་སྙན་ཞུ་ནན་ཏན་ངང་གསན་པ་དང“ཁུལ་གསུམ་དང་བགྲོད་ལམ་གཉིས”སོགས་ནུས་པ་བཀོད་སྒྲིག་བྱེད་ཚུལ་ལ་ཞིབ་པར་བལྟས་ནས་སྨན་བཅོས་སྟོབས་ཤུགས་བཀོད་སྒྲིག་དང་། རིམས་འགོག་དངོས་ཟོག་གསོག་འཇོག སྒྲིག་བཀོད་སྒྱུར་བཀོད། དེ་བཞིན་རྒྱབ་ཕྱོགས་འགན་ལེན་གྲ་སྒྲིག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མིག་སྔའི་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱེད་པ།“ཡོད་པར་གཞི་ཚུགས་པ”མཐའ་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དང་དམག་འཐབ་དྲག་པོ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས།
མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས། སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་དང་དོ་དམ་ལས་ཀར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཆུ་གློག་དྲོད་སོགས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཆ་ཚང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ནུས་པ་ཁུལ་དབྱེ་བཀོད་སྒྲིག་ལུགས་མཐུན་བྱེད་པ། སྨན་བཅོས་སྐྱོབ་བཅོས་དང་སྨན་ཁང་གི་འདུ་ཤེས་སྔོན་འགོག་ཚོད་འཛིན་གྱི་བཀོལ་སྤྱོད་སྒྲིག་སྲོལ་ལག་བསྟར་ནན་པོ་བྱེད་པ། དུག་སེལ་དང་རླུང་རྒྱུག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྒྲོམ་ཚང་སྨན་ཁང་འཁོར་སྐྱོད་ཀྱི་ཚད་གཞིར་སླེབས་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་དོ་དམ་བྱས་ནས་ཆེད་མིས་རླངས་འཁོར་དབོར་འདྲེན་དང་། ཉིང་སྐྱུར་བརྟག་དཔྱད། གད་སྙིགས་གཙང་སེལ། ཁོར་ཡུག་དུག་སེལ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ནན་པོ་བཟོས་ཏེ་ཕན་ཚུན་འགོ་ཁྱབ་བྱེད་རིགས་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས། སྨན་དོན་མི་སྣའི་གསོ་སྦྱོང་དང་ལག་རྩལ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ལས་སྒྲུབ་སྤྱི་བདེ་དང་། བདེ་སྲུང་པ། གཙང་སྦྲ་བྱེད་མཁན་བཅས་དང་དེ་བཞིན་མཐའ་སྐོར་གྱི་ལས་དོན་མི་སྣར་སྨན་ཁང་གི་འགོས་ནད་དོ་དམ་གསོ་སྦྱོང་བྱས་ནས་འཕྲལ་སྡོམ་སྨན་བཅོས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་ནུས་པ་འདོན་སྤེལ་གང་ལེགས་དང་འཕྲལ་མར་འཕྲལ་སྡོམ་དང་ལེན་ཐུབ་རྒྱུའི་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་དང་བཅས་པ་རང་གྲོང་ཁྱེར་གྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་རྗེས་གྲབས་སྨན་ཁང་དུ་ཡོང་ནས་སྨན་ཁང་དེའི་ཁང་པ་བཀོད་སྒྲིག་དང་། ལོགས་འཇོག་གཞི་ཁྱོན། སྐྱོབ་བཅོས་ཉལ་ཁྲི། སྨན་དོན་པའི་སྟོབས་ཤུགས། ཁོར་ཡུག་དུག་སེལ་བ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། ཟོག་རོ་ཐག་གཅོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། འབྲེལ་ཡོད་གནས་ཚུལ་སྙན་ཞུ་གསན་རྗེས། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། ཕན་ནུས་ཀྱི་རང་བཞིན་བཅས་ཆེ་རུ་བཏང་སྟེ། བོད་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་ལས་ལག་རྩལ་སོགས་ཐད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏོག་གསར་གློ་ཚད་ཀྱི་ལས་ཀའི་དགོས་མཁོར་གཞི་ཚུགས་ཏེ་སྨན་དོན་མི་སྣ་དང་། སྐྱོབ་བཅོས་སྒྲིག་ཆས། སྨན་བཅོས་དངོས་རྫས་བཅས་ཆ་ཚང་བཀོད་སྒྲིག་བྱས་ནས་སེམས་ཁམས་ཁྲིད་སྟོན་དང་། བཟའ་འཐུང་། དྲོད་ལེན་སོགས་འགན་ལེན་ཞབས་ཞུའི་ལས་དོན་དུས་གཅིག་ཏུ་ཡག་པོ་བསྒྲུབས་ནས་གནས་གཏན་འཁེལ་གྱི་སྐྱོབ་བཅོས་རྗེས་གྲབས་སྨན་ཁང་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
སྨན་དོན་མི་སྣས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་ལོགས་སུ་འཇོག་སའི“ཁུལ་གསུམ་དང་བགྲོད་ལམ་གཉིས”དང་། ཚན་རིག་དང་མཐུན་པའི་འགོག་སྲུང་། ཉིང་སྐྱུར་བརྟག་དཔྱད་སོགས་གདུབ་ཟུམ་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ཁོར་ཡུག་གི་དུག་སེལ་ཐེངས་གྲངས་མང་དུ་གཏོང་བ་དང་སྨན་བཅོས་སྙིགས་རོ་དང་འཚོ་བའི་གད་སྙིགས་ཚན་རིག་དང་མཐུན་པའི་ངང་རིགས་དབྱེ་ཐག་གཅོད་བྱས་ནས་ཕན་ཚུན་དབར་རིམས་ནད་མི་འགོ་པའི་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། བརྟག་དཔྱད་ཚད་ལེན་སྒྲིག་ཆས་ལ་གང་མགྱོགས་ཁ་གསབ་བྱས་ནས་ད་ཡོད་ཀྱི་ཞིབ་དཔྱད་ནུས་པ་གང་མགྱོགས་ཆེ་རུ་གཏོང་བ་དང་ཆབས་ཅིག་གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ཉིང་སྐྱུར་བརྟག་དཔྱད་དཔེ་ལེན་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། རེས་སྐོར་གྱིས་དཔེ་ལེན་འཚོལ་བསྡུ་བྱེད་མཁན་བཀོད་སྒྲིག་ལུགས་མཐུན་བྱེད་པ། དུས་ཚོད་དམ་འཛིན་དང་སྤུས་ཚད་འགན་ལེན་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིམས་འགོག་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ནས་གཙང་བཟོ་བྱེད་པའི་དམིགས་ཚད་དུས་ཚོད་ཐུང་ཤོས་ནང་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག