ཁམས་སྟོང་སྐོར་དགོན་གྱི་ལོ་རྒྱུས་དོན་ལྡན་མཁས་པའི་ཡིད་འཕྲོག

  • 2019-03-25
  • ལོངས་སྤྱོད་ནས།
  • 0ཐེངས།

    དེ་ཡང་ཁམས་སྟོང་སྐོར་དགོན་གསང་ཆེན་རྡོ་རྗེ་གླིང་ནི། ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ།  དཀར་མཛེས་རྫོང་གི་བསོ་ཐོག་མདའ་ཤང་གི་མངའ་ཁོངས་སུ་གནས།  དཀར་མཛེས་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ཞེ་བཞིའི་མཚམས་སུ་ཆགས་ཡོད།
            དུས་རབས་བཅུ་དྲུག་པའི་སྟོད་ཕྱི་ལོ༡༥༡༠ཡས་མས་སུ་སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་དང་པོ་ཆོས་རྗེ་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་སྟེ་མིང་ལ་བཀྲ་ཤིས་ལྷུན་པོ་ཞེས་མཚན་གསོལ།  གྲུབ་མཐའ་དགེ་ལུགས་ཡིན།
            སྐབས་དེ་དུས་ཏྲེ་ཧོར་ཕྱོགས་སུ་ཧོར་དགོན་སྡེ་བཅུ་གསུམ་བཏབ་མེད་ཅིང་དགེ་ལུགས་པའི་དགོན་སྡེ་ཐོག་མ་ཡང་ཡིན།  སྤྱིར་སྟོང་སྐོར་དགོན་ལ་ཁམས་སྟོང་སྐོར་དགོན་དང་ཟི་ལིང་སྟོང་སྐོར་དགོན་གཉིས་ཡོད་པ་ལས་འདི་ནི་སྔ་མ་ཡིན་ལ། ཕྱི་མ་ཡང་སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་བཞི་པས་ཕྱག་བཏབ་པ་ཡིན་ནོ།  །
            སྒྲུབ་མཆོད་སོགས་ནི།  ཆོ་འཕྲུལ་སྨོན་ལམ་ཆེན་མོ།  བདེ་མཆོག་ཆོས་ཐོག   དྲུག་ཅུ་ལྕགས་མཁར།  འཇིགས་བྱེད་བདག་འཇུག   ཀུན་རིག་ཆོས་ཐོག  སྨན་བླའི་མདོ་ཆོག  དགའ་ལྡན་ལྔ་མཆོད།  ཆོས་སྐྱོང་བེག་རྩེའི་སྒྲུབ་མཆོད།  དགུ་གཏོར་ཆེན་མོ་རྣམས་དང༌།  ཆོས་གྲྭའི་སྐོར་དཔྱིད་ཆོས། དབྱར་ཆོས། དབྱར་གནས། སྟོན་ཆོས་རྣམས་ནི་དགེ་ལུགས་སྤྱིའི་ལུགས་ལྟར་ཡིན།  གཞི་གསུམ་གྱི་ཆོ་ག་ཕྱག་ལེན་སོགས་འཇམ་མགོན་བླ་མའི་ལུགས་བཟང་དྲི་མ་མེད་པ་རྣམས་རིག་གསར་སྐབས་ཕུད་པའི་ད་ལྟའི་བར་དུ་བཤད་སྒྲུབ་གཉིས་ཀ་མ་ཉམས་པར་དབྱར་གྱི་ཆུ་བོའི་དཔལ་ལ་འགྲན་བཞིན་བཞུགས།  ཁྱད་པར་དུ་ཉིས་སྟོང་གཅིག་ལོར་དགེ་བཤེས་ཉི་མ་དང༌།  དགེ་བཤེས་ཚུལ་ཁྲིམས་འོད་ཟེར་རྣམ་གཉིས་ཕ་ཡུལ་དུ་བྱོན་པས་འཆད་ཉན་སོགས་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་ཡར་རྒྱས་འགྲོ་དང་འགྲོ་མུས་སུ་མཆིས།  གྲྭ་གྲངས་ཀྱང་སྔོན་བརྒྱད་བརྒྱ་ལྷག་འདུས་མྱོང་ཞིང་དེང་སང་ཡང་སུམ་བརྒྱ་ཉི་ཤུ་ཡས་མས་ཀྱིས་མདོ་སྔགས་གཉིས་ལ་འཆད་ཉན་དང་ཉམས་ལེན་མཛད་བཞིན་ཡོད།  དགོན་འདིའི་གྲྭ་ས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང༌། ཡིག་ཆ་ཡང་སེར་སྨད་ཡིག་ཆ།  ཁམས་ཚན་རོང་པོ་ཁམས་ཚན་ཡིན། མདོ་ཕྱོགས་ལྟར་ན་གྲྭ་ཚང་སེ་ར་སྨད་དང༌།  སྔགས་ཕྱོགས་ལྟར་ན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་བཞིན་ཡིན་ཞེས་ད་ལྟར་ཡང་འདི་གའི་ཚོགས་གཏམ་ཆེན་མོ་ནང་ཡོད། ད་ཆར་སློབ་གཉེར་བྱེད་སྟངས་ཀྱི་སྐོར་སྟོང་སྐོར་ཞབས་དྲུང་རིན་པོ་ཆེའི་ལམ་སྟོན་འོག་དེང་གི་སེར་སྨད་གྲྭ་ཚང་ལ་ཁ་མིག་ལྟ་བཞིན་བཞུགས།  དགོན་འདི་ཕྱག་བཏབ་ནས་ད་བར་ལོ་ངོ་ལྔ་བརྒྱ་ལྷག་སོང་ཡོད།  ཆོས་སྡེ་འདིའི་མངའ་ཁོངས་ནི་ཁུ་རུ་ཆུ་ནས་སེ་མདའི་བར་ཤང་ཁག་གཉིས་ཏེ་བསོ་ཐོག་མདའ་ཤང་དང་རྡོ་ཏོ་ཤང་ངོ་། །དད་ལྡན་གྱི་དུད་ཚང་དགུ་བརྒྱ་མ་ཡས་མས་དང་སྡེ་བའམ་གྲོང་ཚོ་ཉེར་དྲུག་ཙམ་ཡོད་དོ། ། 
དགོན་འདིའི་མཚན་ལ་རྒྱ་བོད་ཡིག་རིགས་ཐོག་འབྲི་སྟངས་ག་འདྲ་བྱུང་མིན་སྐོར།
            ཞབས་དྲུང་དང་པོས་ཐོག་མར་དགོན་འདིའི་མིང་ལ་བཀྲ་ཤིས་ལྷུན་པོ་ཞེས་བཏགས་ཀྱང༌། ཕྱིས་ཞབས་དྲུང་སྐུ་ཕྲེང་ལྔ་པ་བསོད་ནམས་རྒྱ་མཚོས་གསང་ཆེན་རྡོ་རྗེ་གླིང་ཞེས་མཚན་བསྒྱུར།  དེ་ནས་བཟུང་ད་ལྟའི་བར་སྟོང་སྐོར་གསང་ཆེན་རྡོ་རྗེ་གླིང་ཞེས་འབོད།  གཞན་ཡང་སྟོང་སྐོར་དགོན་དང༌།  སྟོང་འཁོར་དགོན། སྟོང་བསྐོར་དགོན་ཞེས་འབྲི་ལུགས་མི་འདྲ་བ་གསུམ་ཡོད་ཀྱང་རྒྱུགས་ཆེ་བ་སྟོང་སྐོར་འབྲི།  རྒྱ་ཡིག་ལ་ནི།  东谷寺དང་东古寺 东科尔寺བཅས་འབྲི་ལུགས་མི་འདྲ་བ་གསུམ་འདུག ཡིན་ཡང་སྔ་མ་རྒྱུགས་ཆེ།
ལོ་རྒྱུས་ནང་ཆག་འཇིག་ཇི་ལྟར་བྱུང་ཚུལ།
            ང་བརྒྱད་ལོའི་དུས་འགྱུར་སྐབས་དཔར་ཤིང་ཁང༌།  བཀའ་འགྱུར་ཁང༌།  སྟོང་སྐོར་བླ་བྲང་གི་ཁང་པ་རྣམས་དང༌།  ནང་གི་རྟེན་གསེར་དངུལ་གྱིས་བྲིས་པའི་བཀའ་བསྟན་འགྱུར་པོད་སྟོང་ཕྲག་གཉིས་ལྷག་ཅི་རིགས་གཏོར་ཅིང་མེར་བསྲེགས།  གཞན་ཀུང་སིའི་ཚོང་ཁང་དུ་འགྱུར་ཟིན་པའི་འདུ་ཁང་ཆེན་མོ་དང༌།  ཤང་སྲིད་གཞུང་གི་སྡོད་གནས་སུ་འགྱུར་ཟིན་པའི་གསེར་ཁང་རྣམས་ཕྱི་ལོ་༡༩༧༣ལོའི་བོད་ཟླ་དང་པོའི་ཚེས་བཞིའི་ཉིན་ས་གཡོམ་གྱི་འཇིགས་པ་བྱུང་བས་གྱང་ཧྲིལ་དུ་གྱུར།  དཔར་ཤིང་ཁང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་ཞབས་དྲུང་རིམ་བྱོན་གྱི་གསུང་འབུམ་སོགས་ལས་རེ་གཉིས་མ་གཏོགས་དཔར་ཤིང་ཕལ་ཆེར་མེར་བསྲེགས། ཕྱི་ལོ་༡༩༨༡ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་ནས་དགོན་འདིའི་འགན་འཛིན་དགེ་སློང་རྡོ་རྗེ་ཚེ་རིང་གིས་དབུར་བྱས་ཏེ་ཆོས་རྭའི་ཀུན་དགའ་ར་བ་བསྐྱར་དུ་བཞེངས་འགོ་ཚུགས།  ༡༩༨༢ལོར་ཆོས་སྒོ་ཕྱེ་བའི་ཆོག་མཆན་ཐོབ་པར་བརྟེན་ནས་འདུ་ཁང་དང་གསེར་ཁང༌།  བླ་བྲང་དང་ལྷ་ཁང་སོགས་བསྐྱར་བཞེངས་མཛད་ནས་དུས་འགྱུར་གྱི་གོང་ཇི་བཞིན་དུ་གྲུབ། དགོན་འདི་ལ་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོའི་ཐད་ནས་དགེ་སློང་ཁོང་ལས་བཀའ་དྲིན་ལྷག་པར་ཆེ་བ་མེད་ཅེས་གླེང༌། 
རྟེན་འགངས་ཆེན་ཅི་བཞུགས་ཀྱི་སྐོར།
            བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཇོ་བོའི་སྐུ་ཐུབ་པ་གངས་ཅན་འཚོ་དང༌། རྗེ་ཟླ་བ་རྒྱལ་མཚན་གྱི་མ་ཡུམ་གྱིས་གཏེར་ནས་བཞེས་པའི་རྟེན་སེར་རེངས་མ་གཙོས་རྟེན་རྙིང་བ་ལྔ་བརྒྱ་ལྷག་དང་གསེར་དངུལ་གྱིས་བྲིས་པའི་དཔེ་ཆ་འགའ། སྦུག་ཆལ་དང་ཐང་ག་སོགས་མདོར་ན་འགངས་ཆེན་ཧ་ཅང་མང་པོ་བཞུགས།  སི་ཁྲོན་ཞིང་ཆེན་ནང་དུ་རྟེན་རྙིང་འགངས་ཆེན་མང་པོ་ཡོད་ས་དགོན་འདི་ག་ལས་ལྷག་པར་མེད་པས། སི་ཁྲོན་ཞིང་ཆེན་གྱི་གནའ་རྫས་བང་མཛོད་ཅེས་བརྗོད།
གཙོ་བོར་བསྟེན་པའི་ཡི་དམ་ཆོས་སྐྱོང་གི་མཚན།
            བླ་བྲང་གི་སྲུང་མ་ཚངས་པ་དུང་ཐོད་ཅན།  ཆོས་གྲྭའི་སྲུང་མ་དཔལ་ལྡན་དམག་ཟོར་མ།  ཚོགས་ཆེན་སྲུང་མ་དམ་ཅན་རྡོ་རྗེ་ལེགས་པ་སོགས་སྲུང་མ་ཚད་ལྡན་ལས་གཞན་འབྱུང་པོ་བསྟེན་པ་སྔར་ནས་ད་བར་བྱུང་མྱོང་མེད་པ་ནི་ཡུལ་འདིའི་ཡོན་ཏན་གཅིག་ཡིན་ནོ་སྙམ།  
འདས་པའི་ལོ་རྒྱུས་ནང་དགོན་འདིར་དཔར་ཁང་སོགས་ཡོད་མེད་སྐོར།
            དུས་འགྱུར་གྱི་སྔོན་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་ཞབས་དྲུང་རིམ་བྱོན་གྱི་གསུང་འབུམ་སོགས་ཀྱི་དཔར་ཤིང་ཁང་ཟུར་དུ་ཡོད་ཅིང་མིང་ལ་སྟོང་སྐོར་སྤར་ཁང་ལེགས་བཤད་འཛད་མེད་ནོར་བུའི་གླིང་ཞེས་བརྗོད།  རིག་གསར་སྐབས་ཕལ་ཆེར་བ་གཏོར་བསྲེགས་ཅི་རིགས་བྱས།  མ་ཟད་སྔར་བཀའ་འགྱུར་ཁང་ནང་དུ་བཀའ་འགྱུར་གསེར་བྲིས་མ་དང༌།  དངུལ་བྲིས་མ་སོགས་མཐའ་ཡས་པ་ཡོད་ཀྱང་དུས་འགྱུར་རྗེས་ནས་རེ་གཉིས་ལས་མེད་པར་གྱུར། ཕྱི་ལོ་༢༠༡༤ལོའི་བོད་ཟླ་༩ཚེས་༡ཉིན་སྟོང་སྐོར་དགོན་སློབ་གཉེར་ཁང་ཞེས་པ་ལོགས་སུ་བཙུགས་ཏེ་ནང་གསེས་ལ་གློག་ཀླད་ཁང་དང་།  དཔེ་མཛོད་ཁང་།  འཆད་ཁྲིད་ཁང་བཅས་ཁག་གསུམ་ཡོད་པ་ལས་གློག་ཀླད་ཁང་ནི།  དཔེ་ཆ་འཚོང་བ་དང་ཡི་གེ་བསྐྱར་པར་བྱེད་པ་སོགས་མདོར་ན་དེང་རབས་དང་མཐུན་པའི་གཞུང་གི་ལས་སྒྲུབ་ཁང་ཞིག་ཡིན། དཔེ་མཛོད་ཁང་ནི། དེབ་གཟུགས་སུ་བྱས་པའི་འཕགས་ཡུལ་གྱི་བཀའ་བསྟན་འགྱུར་རོ་ཅོག་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་རིས་མེད་ཀྱི་གསུང་རྩོམ་བརྒྱ་ཕྲག་དུ་མ་བརྩེགས་པའི་ལྡིང་ཁང་ཞིག་ཡིན་ནོ། །


ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག